<<བུ་ནོར་བུའི་གཏམ་རྒྱུད།>>ཅེས་པའི་ལས་འཆར་གྱི་ངོ་སྤྲོད་མདོར་བསྡུས།
<<བུ་ནོར་བུའི་གཏམ་རྒྱུད།>>ཅེས་པ་འདི་ནི་བདག་གིས་མ་འོངས་པའི་ལོ་ཤས་ནང་འབྲི་འཆར་ཡོད་པའི་བྱིས་པའི་མུ་འབྲེལ་གཏམ་རྒྱུད་ཅིག་ཡིན་ཞིང་། མུ་འབྲེལ་གཏམ་རྒྱུད་འདིའི་ནང་དུ་བུ་ནོར་བུ་དང་། ཁྱི་དར་རྒྱ་གཉིས་(མི་སྣ་གཙོ་བོ་གཉིས།)བོད་ཀྱི་རྒྱལ་ས་ལྷ་ས་དང་། ཡུམ་བུ་བླ་མཁར། སྟོད་ཀྱི་གངས་རིན་པོ་ཆེ། སྨད་ཀྱི་རྨ་ཆེན་གངས་རི། བར་གྱི་གཉན་ཆེན་ཐང་ལྷ། མ་ཕམ་གཡུ་མཚོ། གནམ་མཚོ་ཕྱུང་མོ། དེ་བཞིན་ཁ་བབ་བཞི་དང་རྨ་འབྲི་རྫ་གསུམ་ལ་སོགས་པའི་བོད་ཀྱི་གནས་རི་དང་མཚོ་རྩ་ཆེན་རྣམས་ལ་གནས་སྐོར་དུ་བསྐྱོད་པ་དང་། ལམ་བར་དུ་ཁོ་གཉིས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རི་དྭགས་དང་གཅན་གཟན་སྣ་ཚོགས་དང་འཕྲད་ནས་དེ་དག་ལ་ཁོ་གཉིས་གནས་སྐོར་དུ་སྐྱོད་པའི་རྒྱུ་མཚན་དང་འབྲེལ་བའི་ཁ་བརྡ་དང་གླེང་མོལ་བྱེད་ཀྱི་ཡོད།
བྱིས་པའི་མུ་འབྲེལ་གཏམ་རྒྱུད་འདིའི་ནང་དུ། ངོ་མཚར་ཞིང་དགོད་བྲོ་བའི་གཏམ་རྒྱུད་འདྲ་མིན་སྣ་ཚོགས་ཀྱི་ལམ་ནས་བོད་ཀྱི་ན་ཆུང་བྱིས་པ་ཚོར་ཉོབ་སྣང་དང་དཀའ་སྣང་མེད་པར་བོད་རྒྱལ་ཁབ་ཆེན་པོའི་ས་ཁོངས་དང་། མེས་པོའི་གནའ་ཤུལ། དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྩ་ཆེན་རྣམས་ངོ་སྤྲོད་བྱེད་ཀྱི་ཡོད། །
ལས་འཆར་འདིའི་སྒྲུང་དང་པོའི་ངོ་སྤྲོད་མདོར་བསྡུས།
བདག་གི་ལས་འཆར་འདིའི་སྒྲུང་དང་པོ་སྟེ། <<བུ་ནོར་བུ་ཉི་མ་ལྷ་སར་བསྐྱོད་པ།>>ཞེས་པའི་གཏམ་རྒྱུད་ནང་དུ་བུ་ནོར་བུས་ཕ་མ་དང་རྒན་པ་ཚོའི་ངག་ནས་ཉི་མའི་ལྷ་སའི་སྐོར་གྱི་གཏམ་རྒྱུད་མང་པོ་ཞིག་གོ་རྗེས། སོ་སོའི་ཁྱི་དར་རྒྱ་ཁྲིད་དེ་དངོས་སུ་ཉི་མ་ལྷ་སར་བསྐྱོད་པའི་ལམ་དུ་ཞུགས་པ་དང་། ལམ་བར་ནས་ཁོ་གཉིས་ལ་གཡག་ནག་པོ་དང་། ལུག་དཀར་པོ། རྟ་རྐྱང་དམར། དོམ་ཁྲ་ཁྲ་བཅས་ལ་འཕྲད་པ་དང་། ཁོ་གཉིས་ཀྱི་བོད་ཀྱི་ཐུན་མིན་གྱི་སེམས་ཅན་དེ་དག་ལ་རྒྱལ་ས་ལྷ་ས་དང་། ཕོ་བྲང་པོ་ཏ་ལ། ཇོ་བོ་རིན་པོ་ཆེ་བཅས་ངོ་སྤྲོད་བྱེད། །
ལས་འཆར་གྱི་རྒྱབ་ལྗོངས།
འཛམ་གླིང་ཡང་རྩེར་ཆགས་པའི་བོད་གངས་ཅན་པ་འདི་ཆོས་དང་རིག་གཞུང་། དེ་གཉིས་ཀྱི་རྩ་བ་སྐད་ཡིག་བཅས་ཀྱིས་ཤིན་ཏུ་ཕྱུག་པའི་མི་རིགས་རླབས་ཆེན་ཞིག་ཡིན་ན་ཡང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱི་དྲག་པོའི་བཙན་འཛུལ་བྱས་ཏེ་བོད་ས་ཡོངས་རྫོགས་ཁྲིམས་འགལ་ཐོག་ནས་ཧམ་འཛིན་བྱས་པ་ནས་བཟུང་། བོད་ཀྱི་སྐད་ཡིག་དང་ཆོས་རིག་ལ་སྔར་གཏན་ནས་འཕྲད་མྱོང་མེད་པའི་འཇིག་ཉེན་ཁ་གསར་པ་ཞིག་འཕྲད་འགོ་ཚུགས།
དེ་ལྟ་བུའི་རྩ་མེད་འགྲོ་བའི་ཉེན་ཁ་ཆེན་པོ་ཞིག་འཕྲད་བཞིན་པར་བརྟེན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་ཕྱི་ནང་གི་བླ་ཆེན་དང་མཁས་པ་རྣམ་པས་བོད་ཀྱི་ཆོས་དང་རིག་གཞུང་། དེ་གཉིས་ཀྱི་རྩ་བར་གྱུར་བའི་སྐད་ཡིག་ཉམས་པ་སླར་གསོ་དང་། མ་ཉམས་རྒྱུན་འཛིན་དགོས་པའི་བཀའ་སློབ་ལམ་སྟོན་ཡང་ནས་བསྐྱར་དུ་བསྩལ་དང་སྩོལ་མུས་སུ་ཡོད་སྟབས། བདག་གིས་ཀྱང་རང་ནུས་གང་ཡོད་ཀྱིས་སོ་སོའི་གཅེས་པའི་སྐད་ཡིག་འདིའི་ཚེ་སྲོག་གི་རྒྱུན་སྲིང་བའི་འབད་བརྩོན་ཞུ་འདོད་པ་ཡིན།
མི་རིགས་ཤིག་གི་ཆོས་དང་རིག་གཞུང་མ་ཉམས་པར་གནས་དགོས་ན། དེའི་སྐད་ཡིག་གནས་དགོས་པ་དང་། སྐད་ཡིག་གནས་དགོས་ན། “མ་འོངས་སོན་རྩར་”གྱུར་བའི་བྱིས་པ་ཚོས་སྐད་ཡིག་དེ་སྦྱོང་སྤྱོད་སྤེལ་གསུམ་བྱེད་དགོས་ཤིང་། བྱིས་པ་ཚོ་ལ་དཀའ་སྣང་མེད་པར་སྤྲོ་བས་སྐད་ཡིག་སློབ་སྦྱོང་བྱེད་དུ་འཇུག་པའི་ཐབས་ལམ་ལེགས་ཤོས་ནི་བྱིས་སྒྲུང་སྤུས་ལེགས་མཁོ་སྤྲོད་བྱེད་རྒྱུ་དེ་ཡིན་ན་ཡང་། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་སོ་སོའི་སྐད་ཡིག་ནང་བྱིས་སྒྲུང་བརྩམས་པའམ། ཡང་ན་འཛམ་གླིང་གི་བྱིས་སྒྲུང་གྲགས་ཅན་རྣམས་ཚུར་བོད་སྒྱུར་ཞུས་པ་མི་འདང་བའི་དཀའ་ངལ་ཞིག་ཡོད་པ་ནི་དོ་སྣང་ཅན་ཚོའི་མཐོང་གསལ་དུ་ཡོད། དེ་བས་ཁོ་བོས་ལོ་ཤས་གོང་དུ་རང་འཁྲིའི་ལས་འགན་དང་དུ་བླངས་ཏེ་དཀའ་བ་ཆེད་གསོད་ཀྱིས་འཛམ་གླིང་གི་གྲགས་ཅན་བྱིས་སྒྲུང་<<བུ་ཆུང་ཕེ་ནོ་ཁོའི་གཏམ་རྒྱུད།>> (The Adventures of Pinocchio)བོད་ཡིག་ཏུ་བསྒྱུར་བ་ཡིན་ལ། ད་ལྟ་རང་ཉིད་ཀྱིས་<<བུ་ནོར་བུའི་གཏམ་རྒྱུད།>>ཅེས་པའི་བྱིས་པའི་མུ་འབྲེལ་གཏམ་རྒྱུད་འབྲི་རྩོམ་དང་པར་སྐྲུན་བྱེད་པའི་ལས་འཆར་འདིའི་འགོ་རྩོམ་བཞིན་པ་ཡིན།